
སྙན་ངག་ཚིགས་བཅད་རྐང་པ་བཞི་དང་ལྡན་པ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་དུ་ཡོད་པ་དང།སོ་སོའི་མཚན་ཉིད་གང་དག་ཡིན།

སྙན་ངག་ཚིགས་བཅད་ལ་རིགས་ཀྱི་སྒོ་ནས་དབྱེ་ན།གྲོལ་བ།རིགས།མཛོད།འདུས་པ་སྟེ་བཞི་ཡོད་ལ།༡ཤོ་ལོ་ཀ་གཅིག་གིས་བརྗོད་བྱའི་དོན་གང་ཡིན་པ་དེ་ཡོངས་སུ་རྫོགས་པར་སྟོན་ནུས་པ་དེ་གྲོལ་བའི་མཚན་ཉིད་དང་།༢བསྔགས་བརྗོད་ཀྱི་ཡུལ་གཅིག་ལ་ཤོ་ལོ་ཀ་དུ་མ་ཡོད་པ་ཤོ་ལོ་ཀ་རེ་རེའི་ནང་དུ་དོན་རྫོགས་པ་མིན་པར།ཤོ་ལོ་ཀ་དུ་མས་དོན་དེ་རབ་ཏུ་བླངས་ཏེ།བྱ་ཚིག་གཅིག་གིས་དོན་ཐམས་ཅད་གསལ་བར་སྟོན་ནུས་པ་དེ་རིགས་ཀྱི་མཚན་ཉིད་ཡིན།༣གཅོད་མཚམས་སྣ་ཚོགས་པ་ངེས་ནས་ཤོ་ལོ་ཀ་དང་བྱ་ཚིག་ངོས་བཟུང་མེད་ཅིང་།བརྗོད་བྱ་དུ་མས་ཕྱུག་པ་དེ་མཛོད་ཀྱི་མཚན་ཉིད་དང་།༤བརྗོད་བྱའི་དོན་གཅིག་ལ་ཤོ་ལོ་ཀ་དུ་མ་ཡོད་པ་ལ་བྱ་ཚིག་ཀྱང་དུ་མ་ཡོད་པ་ཅན་ནི་འདུས་པའི་མཚན་ཉིད་ཡིན་ནོ།།